ཁང་ཚན་གྱི་ཁང་གཉེར།

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གཅིག །ལས་མི་གསུམ།

ལས་འགན་ནི། གཙོ་བོ་སྤྱི་ཁང་གསར་རྙིང་རྣམས་ལ་ལྟ་རྟོག་བྱེད་དགོས། ཁང་ཚན་གསར་པའི་ནང་དུ་ཁང་གཉེར་གཅིག་དང་། ཁང་ཚན་རྙིང་པ་ལ་ཁང་གཉེར་གཉིས་ཡོད། ཁང་ཚན་གྱི་སྤྱི་ཁང་གསར་རྙིང་གི་ཁོར་ཡུག་ཚང་མར་ལྟ་རྟོག་གཟབ་ནན་བྱེད་དགོས། ཁྲུས་ཁང་དང་གསང་སྤྱོད་སོགས་ཀྱི་ཆུ་སྦུག་དང་སྒོ་སོགས་ལ་སྐྱོན་ཤོར་ཚེ་བརྗེ་བོ་རྒྱག་རྒྱུ་དང་། སྤྱི་ཁང་སྒོ་མཆོར་དང་གསང་སྤྱོད་ཁྲུས་ཁང་སོགས་ལ་གཙང་བཟོ་བྱེད་མཁན་སུ་དང་སུ་ཁེལ་ཡོད་ན་བརྡ་ཐོ་སྐྱེལ་རྒྱུ། སྐམ་གློག་དང་རྩྭ་འབྲེག་འཕྲུལ་ཆས་སོགས་བདག་སྐྱོང་གནང་རྒྱུ། ཁང་ཚན་གྱི་སྐུ་འགྲོན་ཚང་མར་སྡོད་ཤག་གོ་སྒྲིག་གནང་རྒྱུ། ཟླ་བ་རེ་རེའི་གློག་རིན་བསྡུས་ནས་གློག་ཁང་ལ་སྐྱེལ་རྒྱུ། གྲྭ་ཇ་དང་མང་ཇ་། ཆོས་ར་འཚོགས་སྐབས་བཅས་ལ་གྷཎ་ཆུང་རྡུང་རྒྱུ། ཞོགས་པ་སྔ་མོ་དང་མཚན་མོར་གཞུང་གི་གློག་མེད་སྐབས་སྐམ་གློག་སྒྲོན་རྒྱུ། ཁང་ཚན་གསར་པའི་ལམ་ཁ་གཡས་གཡོན་ལ་རྩྭ་མཐུག་པོ་སྐྱེས་སྐབས་མྱུར་དུ་གཅོད་འབྲེག་བྱེད་པ། ལོ་གཉིས་གསུམ་མཚམས་ནས་སྤྱི་ཁང་གསར་རྙིང་ལ་ཚོན་རྩི་གཏོང་རྒྱུ་བཅས། མདོར་ན་ཁང་ཚན་གྱི་ཕྱི་ནང་གི་ཁོར་ཡུག་ཚང་མའི་གཙང་སྦྲ་འཕྲོད་བསྟེན་ལ་འགན་ལེན་འཐུས་ཚང་གནང་དགོས་པ་རེད།