རོགས་རམ་ལྷན་ཚོགས།

འདུས་མང་གིས་འོས་བསྡུ། ལས་ཡུན་ལོ་གཉིས། ལས་མི་བཞི།

ལས་འགན་ནི། ཁང་ཚན་ཁོངས་གཏོགས་སློབ་གཉེར་ཕྱོགས་ཀྱི་སྦྱིན་བདག་ཁག་ལ་ཡིག་འབྲེལ་བྱེད་པ། སྔར་ཡོད་ཀྱི་སྦྱིན་བདག་རྣམ་པར་འབྲེལ་ལམ་ཡག་ཏུ་གཏོང་བ་དང་སྦྱིན་བདག་གསར་པ་འཚོལ་ཐབས་ལ་འབད་བརྩོན་བྱེད་པ། དངུལ་ཁང་དུ་དངུལ་འཇོག་ལེན་སོགས་དུས་ཚོད་ལྟར་ལག་ལེན་ལ་ཐེབས་པར་བྱེད་པ། ཕྱི་ཁང་ཚན་གྱི་འཛིན་སྐྱོང་བྱེད་པོ་དང་སྡེ་ཚན་སོ་སོའི་འགན་འཁྲི། ཕྱི་རྒྱལ་ཁག་ནས་ཁང་ཚན་དང་འབྲེལ་ཡོད་ཀྱི་སྦྱིན་བདག་སླེབས་ཚེ་བཞུགས་གནས་དང་ཞལ་ལག་སོགས་གོ་སྒྲིག་བྱེད་པ། ཁང་ཚན་གྱི་མགྲོན་པོ་གལ་ཆེན་རྣམས་ཕེབས་བསུ་དང་སྐྱེལ་མ་བྱེད་པ། ཁང་ཚན་ནང་ནད་པ་ཛ་དྲག་སྨན་ཁང་དུ་ཉལ་དགོས་བྱུང་ཚེ་དུས་ཐོག་ལྟར་སྨན་རིན་མཁོ་སྤྲོད་དང་རོགས་རམ་བྱེད་པ། ལོ་རེ་རེར་འདུས་མང་ལ་རོགས་དངུལ་དང་གཟན་ཤམ་སྤུས་ལེགས་རེ་འབུལ་བ། ༸གོང་ས་མཆོག་གི་གསུང་ཆོས་སོགས་ལ་ཁང་ཚན་གྱི་གྲྭ་པ་མང་ཆེ་བ་ཕྱོགས་སྐྱོད་དགོས་ཚེ་མེ་འཁོར་འཛིན་བྱང་ཉོ་རྒྱུ་དང་བཞུགས་གནས་གོ་སྒྲིག་བྱེད་རྒྱུ་སོགས་ལ་འགན་འཁུར་འཐུས་གཙང་གནང་དགོས། ཟླ་བ་གཉིས་གསུམ་མཚམས་ནས་ཁང་ཚན་གྱི་གྲྭ་མང་སྨན་རིན་ལེན་དགོས་རིགས་རྣམས་ལ་སྨན་འཛིན་གཞིར་བཟུང་གིས་སྨན་རིན་བརྒྱ་ཆ་བདུན་ཅུ་དོན་ལྔ་འབུལ་དགོས། ཕྱིའི་ཡུལ་གྲུ་ཁག་གི་འབྲེལ་ཡོད་སྦྱིན་བདག་རྣམས་ལ་ལོ་རེ་རེར་ལོ་སར་གྱི་འཚམས་འདྲིའི་ལེགས་སྐྱེས་འཕྲོད་ཐབས་བྱེད་དགོས། ཕྱོགས་སོ་སོ་ནས་གྲྭ་རྒྱུན་འཚོལ་སྒྲུབ་ཀྱི་ཐབས་ཤེས་དེའི་འགྲོ་གྲོན་སོགས་འགན་ལེན་བྱེད་དགོས། བོད་ནས་གསར་དུ་འབྱོར་བའི་གྲྭ་རྒྱུན་རྣམས་ལ་འཚོ་བའི་ཡོ་བྱད་མ་ཚང་བ་མེད་པར་མཁོ་སྤྲོད་བྱེད་དགོས། དུས་དེབ་རྩོམ་སྒྲིག་སོགས་ལ་མཐུན་རྐྱེན་གང་དགོས་རོགས་རམ་བྱེད་པ། ཁང་ཚན་སྤྱི་ཁང་ཁག་ལ་ཚོན་གཏོང་དགོས་པ་སོགས་འགྲོ་གྲོན་ཡོངས་རྫོགས་ལ་ལྟ་རྟོག་བྱེད་པ། ཁང་ཚན་ནང་གི་སློབ་ཕྲུག་རྣམ་པར་དགེ་རྒན་དང་སློབ་ཚན་སྐོར་ལ་སྟངས་འཛིན་གྱི་འགན་ལེན་བྱེད་པ། ལོ་གཉིས་ཟིན་མཚམས་ལྷག་མཆོད་གཏོང་བ་དང་ལས་བྱེད་གསར་པར་རྩིས་སྤྲོད་འཐུས་ཚང་བྱེད་པ། ཁང་ཚན་གྱི་ལས་བྱེད་འོས་བསྡུའི་སྐོར་འགན་ལེན་གཙོ་བོ་བྱེད་དགོས་པ། མདོར་ན་ཁང་ཚན་སྤྱིའི་ངོས་ནས་སློབ་གཉེར་ཡར་རྒྱས་གཏོང་ཕྱོགས་དང་སྤྱི་ཁང་འཛུགས་སྐྲུན་བྱེད་ཕྱོགས་སོགས་དངུལ་གྱི་འགྲོ་གྲོན་ཕལ་ཆེ་བ་ཞིག་སློབ་གཉེར་རོགས་རམ་ཚོགས་ཆུང་ནས་འགན་གཙོ་བོ་འཁུར་དགོས་པ་བཅས་རེད།