༄༅།།སྒྲུབ་སྡེ་བསམ་གཏན་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི། རྣམ་འདྲེན་རྒྱུ་སྐར་སྟོང་གི་ཁྲོད་དག་ན། །རྒྱལ་སྲས་དུས་ནས་སྙིང་སྟོབས་དཀྱིལ་འཁོར་རྫོགས། །ཀུན་ཕན་འཕྲིན་ལས་འོད་དཀར་དྲྭ་བ་ཡིས། །བློང་དོར་གསལ་མཛད་ཐུབ་པའི་ཟླ་བར་འདུད། །དགེ་ལེགས་ཀུན་གྱི་གཏེར་གྱུར་ཚུལ་ཁྲིམས་མཛོད། །རང་གིས་འཛིན་ཅིང་གཞན་ལ་སྤེལ་མཁས་པའི། །ཡོན་ཤཱཀ་རྣམ་གཉིས་འཕགས་ཡུལ་འདུལ་འཛིན་ཚོགས། །ཐུགས་དུལ་སྤྱོད་ལམ་དུལ་བ་རྣམས་ལ་འདུད། །གངས་རིའི་ཁྲོད་འདིར་ཚུལ་ཁྲིམས་པདྨོའི་ཚུལ། །རྒྱས་མཛད་ཞི་བ་འཚོ་དང་སད་མི་བདུན། །བླ་ཆེན་ཀླུ་མེས་དཔལ་ལྡན་ཨ་ཏི་ཤ།། །འཇམ་མགོན་བློ་བཟང་གྲགས་པ་རྣམ་ལ་འདུད། །གང་དང་གང་དུ་དགེ་འདུན་སྡེ་གནས་པ། །དེ་དང་དེ་རུ་སྤྲུལ་བའི་རོལ་གར་གྱིས། །རྒྱལ་ལྡན་སྤེལ་མཛད་གནས་བརྟན་བཅུ་དྲུག་དང༌། །རྒྱལ་ཆེན་སྡེ་བཞིས་དགེ་ལེགས་ཀུན་སྩོལ་ཅིག །ཇི་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། སྐྱེ་རྒུ་རྣམས་ཀྱི་ཕན་བདེ་ནི། །མ་ལུས་རྒྱལ་བའི་བསྟན་ལས་འབྱུང༌། །བསྟན་པའི་ཆུ་བོ་འཕེལ་བའི་གཞི། །དགེ་འདུན་ཆུ་གཏེར་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བདེ་དགེ་ལེགས་ཚོགས་མ་ལུས་པ་འབྱུང་བའི་གནས་གཅིག་བུ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་ཉིད་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས་པ་ནི། བཤད་སྒྲུབ་ཟུང་གི་སྒོ་ནས་འཛིན་ཅིང་སྤེལ་བ་ཁོ་ན་ལས་གཞན་སངས་རྒྱས་ཀྱི་བསྟན་པ་འཛིན་ལུགས་མེད་ལ། བསྟན་པའི་རྩ་བ་ཡང༌། བཤེས་སྒྲེངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་ཀྱི་གཞི་མ་ལེགས་པར་གསུངས། །ཞེས་གསུངས་པ་ལྟར། ཞིང་ས་གཤིན་པོ་མེད་ན་ལོ་ཏོག་མི་འཁྲུངས་པ་ལྟར། རྩ་བ་ཚུལ་ཁྲིམས་མེད་ན་ཡོན་ཏན་གྱི་ཡལ་ག་མི་རྫོགས་པས། འདུལ་བ་ལུང་སྡེ་བཞི་ལས་གསུངས་པའི་སྤང་བླང་གི་རིམ་པ་རྣམས་ངེས་བར་བྱས་ནས་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུང་བ་ལ་བརྩོན་པར་བྱའོ། །དེ་ལས་གཞན་དུ་ཚུལ་ཁྲིམས་ཡལ་བར་དོར་ནས་ངུར་སྨིག་གི་གོས་ལུས་ལ་བགོས་ཏེ། ལམ་མཐོན་པོ་ལ་བརྩོན་ཁུལ་བྱས་ཀྱང་སྙིང་བོ་མེད་པ་ནི། ཀུན་གཟིགས་ལྔ་བའི་གསུང་ལས། གུར་ཀུམ་ཚོས་ཀྱིས་བཙོས་བའི་ལྭ་བའི་ཞྭས། །རང་རེའི་བསྟན་པ་ཟིན་ན་ཆེས་ལེགས་ཀྱང༌། །ཕ་མེའི་ནོར་དང་རྟོགས་བའི་ཁྱད་ནོར་རྣམས། །རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང༌། །ཞེས་གསུངས་བ་ལྟར་རོ། །དེས་ན་འདིར་སྒྲུབ་སྡེ་བསམ་བསྟན་གླིང་གི་དགེ་འདུན་པ་རྣམས་ཀྱི་ཐུགས་ཉམས་སུ་བསྟར་རྒྱུའི་བཅའ་ཁྲིམས་ཀྱི་རིམ་པ་བརྗོད་པ་ལ། ཐོག་མར་སྡེ་འདིར་འཇུག་པའི་ཚུལ། བར་དུ་ཞུགས་ནས་འགྲིག་ལམ་ཉམས་སུ་ལེན་ཚུལ་ཉམས་སུ་བླང་བའི་དགོས་པ་བཤད་པ་གསུམ། དང་པོ་གསར་འཇུག་པ་རྣམས་ཕྱོགས་གཞན་ནས་གནས་དབྱུང་བྱས་བ་དང་ལྟ་གྲུབ་མི་མཐུན་པ་མ་ཡིན་པ། རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚང་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུང་བ་ལ་བརྩོན་འདུན་ཆེ་བ་དགོས་ཤིང༌། སྐྱེས་རབས་ལས། དགོས་པའི་དོན་སྒྲུབ་མཁས་ལ་བརྟེན་བྱས་ན། རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། ཞེས་གསུངས་པ་ལྟར། ཆོས་སྲིད་གང་ལ་ཡང༌། དགོས་དོན་མཁས་པ་ལ་བརྟེན་ན་རབ་ཏུ་དཀའ་བའི་ལས་ཀྱང་འགྲུབ་སླ་བས། ཡོན་ཏན་ཆེ་ཞིང་བློ་སྣ་དགེ་ཕྱོགས་སུ་འཁྲིད་པའི་དགེ་རྒན་རེ་བརྟེན་ནས་ཀློག་དང་ཚོགས་འདོན་འགྲིག་ལམ་གྱི་རིམ་པ་ངེས་པར་བྱས་ནས་འཇུག་དགོས་སོ། །གཉིས་པ་ཞུགས་ནས་འགྲིག་ལམ་ཉམས་སུ་ལེན་ཚུལ་ལ། རྒྱུན་དུ་ཞོག་ཁ་སྔ་པར་ཞུ་བ་གླུས་བསྐུལ་གྱིས་དམིགས་པས་བཞེངས་ཏེ་ཉིན་དེར་དགེ་སྦྱོར་ལ་བརྩོན་འདུན་ཤུགས་དྲག་བྱས་རྗེས། ཁྲུས་དང༌། ངག་བྱིན་རླབས། འགྱུར་སྔགས། དུས་དྲན་བསྟེན་པ། ཆོ་ག་དམ་བཅའ་ཅན་སོགས་ཀྱི་དགེ་སྦྱོར་ཅི་རིགས་བསྐྱངས་ནས། མཁར་བརྡ་བརྡུང་བ་དང་བསྟུན་སྤྱོད་ལམ་དལ་བུས་འདུ་ཁང་ནང་དུ་ཕེབས་ཏེ་བགྲེས་རིམ་གྱིས་གྲྭལ་ལ་འཁོད། འདི་སྐབས་གདེང་བ་མེད་པ། ལྷམ་གྱོན་པ། ལོག་གཏམ་སྨྲ་བ། འཕྲེད་ཉལ། རྒྱབ་བསྙེལ་སོགས་བྱས་མི་ཆོག་པས་དགེ་བསྐུལ་གྱིས་དོ་དམ་གང་དྲག་བྱ། དབུ་མཛད་ནས། དབྱངས་རྟ་བར་གསུམ་ལ་དལ་མྱུར་གང་གི་དབུ་བསྐུལ་ཀྱང་ཐེན་འཁྱེར་མེད་བར་ཀུན་གྱིས་ཁུར་དུ་བླངས་ནས་གསུངས། བཟའ་བཏུང་གི་ཚེ་ཁམ་ཆེ་ཆུང་རན་པས་སྒྲ་བསྐྱུངས་ཏེ་ཟས་ཀྱི་སྡེ་ཚན་ལས་བྱུང་བའི་ཉེས་པས་མ་གོས་བ་བྱེད། འདོན་པའི་སྐོར་ལ། ཟླ་བ་དང་བོའི་ཚེས་གཅིག་ལ་ཚེས་གཏོར་དང༌། འཇིགས་བྱེད་སྦྱིན་སྲེག །ཚེས་བཞི་ལ་བཟློག་ཆེན་བཅའ་ཁ། དེ་ནས་ཉིན་གསུམ་ལ་བཟློག་ཆེན་ཚར་གསུམ་རེ། ཚེས་བརྒྱད་ལ། སྨོན་ལམ་སྡེ་ལྔ༌། སྨོན་ལམ་ཡར་ཚོགས་ཀྱི་འདོན་པ། བླ་མཆོད་རྣམས་གསུངས། ཚེས་དགུ་ལ་འཇིགས་བྱེད་བདག་འཇུག །བཅུ་ནས་དགེ་འདུན་ནང་དུ་ཕེབས་ཏེ་སྨོན་ལམ་འཚོགས། བཅུ་དགུ་དང༌། ཉི་ཤུ་གཉིས་ལ་ཡུམ་ཚར། ཉི་ཤུ་གཉིས་ནས་བདེ་མཆོག་བདུན་སྒྲུབ། དགུ་གནམ་ལ་དགེ་འདུན་ནང་དུ་ཕེབས་ནས་སྨྱུང་གནས་དང༌། མ་ཎི་བདུན་སྒྲུབ། ཟླ་བ་གཉིས་པའི་ཚེས་བཅུ་ལ་གནས་བརྟན་ཕྱག་མཆོད། ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ནས། ལྟུང་བཤགས་ཉིན་གསུམ། དེའི་དགུ་གནམ་ལ་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་གསུམ། ཟླ་བ་བཞི་བའི་ཚེས་བདུན་ལ་གདུང་མཆོད། ཚེས་བརྒྱད་ལ་སྨྱུང་གནས། ཚེས་བཅུ་གསུམ་ནས་དགེ་འདུན་ནང་དུ་འཚོགས། དྲུག་བའི་ཚེས་བཞི་ལ་གནས་བརྟན་ཕྱག་མཆོད། བཅོ་ལྔ་ནས་ཉིན་བརྒྱད་ལ་གསང་འདུས། བཅུ་དྲུག་གི་ཉིན་དབྱར་ཁས་ལེན། སྤྱི་བ་མ་གཏོགས་ཐམས་ཅད་ཀྱིས་དབྱར་ཁས་ལེན་དགོས་ཤིང༌། གལ་ཏེ་ཐབས་མེད་ཀྱིས་ཁས་ལེན་ཏུ་མ་བྱུང་ཚེ། དགེ་བསྐུལ་ལ་དགོངས་པ་ཞུས། གསང་འདུས་གྲོལ་ནས་དགེ་འདུན་ནང་དུ་ཕེབས་ནས་སྐུ་རིམ་ཉིན་གསུམ། ཚུར་ཕེབས་ནས་འཇིགས་བྱེད་བདུན་སྒྲུབ། བསྐང་བ་བདུན་སྒྲུབ། བདུན་བའི་ཚེས་བཅུ་ལ་ཕྱག་མཆོད། ཚེས་བཅུ་གཅིག་ལ་རྣམ་རྒྱལ་མ། བཅུ་གསུམ་ནས་བདེ་ལམ་ཉིན་གསུམ། བཅུ་དྲུག་ལ་སྨན་བླའི་མདོ་ཆོག །བཅུ་བདུན་ལ་བཟང་སྤྱོད་འཆི་བླུ། བཅོ་བརྒྱད་ལ་བྱམས་ཆོས། །ཉི་ཤུ་གཉིས་ནས་བདེ་མཆོག་བདུན་སྒྲུབ། ཉི་ཤུ་བརྒྱད་ལ་བསྐང་བ། དགུ་ལ་དགག་དབྱེ་བྱ། དབྱར་གནས་སྐབས་ཐམས་ཅད་ཀྱིས་གུང་ཚིགས་སྔ་བར་བྱས་ནས་དགུང་བཅད་ཆགས་མེད་དང་དེར་མ་ཟད་དུས་རྒྱུན་དུ་འང་ཕྱི་དྲོའི་ཁ་ཟས་ལ་འཛེམ་པ་གལ་ཆེ། བརྒྱད་པའི་ཚེས་བཞི་ལ་གདུང་མཆོད། དྲུག་ལ་སྨྲ་སེང་གླིང་དུ་ཕེབས། སྒྲུབ་སྡེ་གྲོལ་ནས་གདུང་མཆོད། སྐུ་རིམ་བདུན་སྒྲུབ་ལ་ཉིན་གསུམ་ཤེར་སྙིང༌། ཉིན་བཞིར་བསྐང་བཤགས། ཀུན་རིག་ཉིན་གསུམ་དང༌། ཉིན་བཞི་ལོ་སྔ་ཕྱིར་རེས་མོ། དགེ་འདུན་ནང་དུ་མ་ཎི་བདུན་སྒྲུབ་དང་སྨྱུང་གནས། དགུ་བའི་ཉེར་གཉིས་ལ་གནས་བརྟན་ཕྱག་མཆོད། བཅུ་པའི་ནང་ལྔ་མཆོད་ཉིན་གསུམ་ལ་ཀུན་རིག །དགེ་འདུན་ནང་དུ་ཉིན་གསུམ་ལ་གསང་འདུས། ལྔའི་ནུབ་མོ་མཚན་ཚོགས། བཅུ་གཅིག་པའི་ཚེས་བཅུ་གསུམ་སོགས་ལ་སྐུ་རིམ། ཚེས་པ་བཅུ་བདུན་ནས་ལས་སྣེ་རྣམས་ཀྱིས་དོ་དམ་བྱས་ནས་ཐམས་ཅད་དགུན་མཚམས་ལ་བཞུགས་དགོས། ཟླ་བ་བཅུ་གཉིས་པའི་བཅུ་དགུ་ནས་ཉིན་གསུམ་ལ་དགུ་གཏོར་ཀྱི་བཅའ་ཁ། ཉི་ཤུ་གཉིས་ལ་ཡར་ཚོགས། གསུམ་ཀྱི་ནུབ་མོ་མཚན་ཚོགས་བྱས་ཏེ། འདི་སྐབས་ཡི་དམ་གྱི་བདག་བསྐྱེད། ཆོས་སྐྱོངས་སོ་སོའི་བསྐང་བསྐུལ་བསྐྲལ་ཆོག་སོགས་ཀྱི་སྐབས་བསྟན་པའི་སྤྱི་དོན་ལ་དམིགས་པའི་སྒོ་ནས་འདོན་པ་གང་རྒྱས་བྱེད། ལོ་མཚམས་པ་རྣམས་ཡས་མས་སུ་མི་འབྱོན་པར་དུས་བཟང་ནམ་ཡོད་ལ་སྐབས་གང་ཡིན་གྱི་ཆོ་ག་ལྷག་ཆད་མེད་པར་གསུང༌། ཚོགས་མེད་ཚེ་ཐམས་ཅད་གླིང་དུ་བཞུགས་ནས་ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་མར་ངོའི་གསོ་སྦྱོང་ཆགས་མེད་དང༌། རྒན་པ་རྣམས་ཀྱིས་ཞལ་འདོན་སྒོམ་སྒྲུབ། གཞོན་པ་རྣམས་ཀྱིས་ཆོ་ག་ཆོས་སྦྱོད་བློ་འཛིན་དང༌། དབྱངས་རྟ་འདུར་གསུམ། ཕྱག་ལེན་སོགས་ལ་གཤར་སྦྱང་དང༌། བློ་ནུས་དང་བསྟུན་པའི་སྡོམ་གསུམ་བསླབ་བྱ། ལམ་རིམ། བློ་སྦྱོང༌། བསྐྱེད་རྫོགས་སོགས་ལ་ཐོས་པ་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེས་མེད་དེས་གོ་ཅི་ཞིག་བསམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་དུ་གྲོང་ཡུལ་དུ་སོང་ནས། ཕྱུགས་འཚོ་སྐྱོང༌། ཚོང་ཁེ་བུན་བསྐྱེད། ས་བོན་འདེབས་པ། རྩ་ཤིང་འཐུ་བ་སོགས་གཏན་ནས་མི་ཆོག །བླ་མ་ལས་སྣེ་ལ་ཁ་ལན་ལག་ལན་བྱེད་པ་དང༌། ཕམ་པ་བྱུང་བ་རྣམས་གནས་དབྱུང་བྱ། གཞན་ལ་ཉེས་པ་ཆེ་ཆུང་དང་འཚམས་པའི་ཆད་པ་འགེལ། དུས་རྒྱུན་དུ་བུད་མེད་གླིང་གསེབ་ཏུ་མི་གཏོང་བ་དང༌། ཐབས་མེད་ཀྱིས་ཡོང་དགོས་ཚེ་དགེ་བསྐུལ་ལ་གནང་བ་ཞུ། དགོངས་པ་ཞུས་ཀྱང་ཞག་ཏུ་སྡོད་པར་མི་བྱེད། སྤྱི་བ་སོ་སོའི་ཇ་ཐུག་གང་བཟང་ཆོས་སྒྲུབ་བའི་མཐུན་རྐྱེན་འཁྱོངས་ངེས་དང༌། འདུ་ཁང་ནང་དུ་ཡོན་ཆབ་འབུལ་བ་དང༌། དབྱར་འདུ་ཁང་ལ་ཝ་ཁ་ཐིགས་འཛག་བཅོས་པ་དང༌། དགུ་ཁ་བ་དང་རྡུལ་ཕྱགས་པ་སོགས་གཙུག་ལག་ཁང་མི་རལ་པའི་ཐབས་ལ་འབད་དགོས། གསུམ་པ་འགྲིག་ལམ་ཉམས་སུ་བླངས་བའི་དགོས་བ་ནི། སྦྱོད་པ་ལ་འཇུག་པ་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། འཇིག་རྟེན་གྱི་བདེ་སྐྱིད་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལས་འབྱུང་ཞིང་བསྟན་པ་གནས་པ་དགེ་འདུན་གྱི་སྡེ་ཁྲིམས་གཙང་ཞིང་ཀུན་སྤྱོད་དག་པ་ལ་རག་ལས་པས། གོང་དུ་བཤད་པ་ལྟར་གྱི་འགྲིག་ལམ་ལ་ངོ་ལྐོག་མེད་པར་ཚུལ་བཞིན་ཉམས་སུ་བླང་བས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་རྒྱས་པར་འགྱུར་བ་ཡིན་ནོ། །སྨྲས་བ། འདུལ་གཞུང་འབུམ་སྡེའི་པད་ཚལ་ལས་འོངས་བའི། །རྣམ་དག་བཅའ་ཁྲིམས་མ་དྷུ་ར་ཡི་བཅུད། །ཐར་འདོད་རྐང་དྲུག་ལྡན་པས་ཉེར་བསྟེན་ན། །དོན་གཉིས་ལུས་སྟོབས་འཕྲལ་དང་ཡུན་དུ་རྒྱས། །ཚུལ་འདིར་འབད་པའི་དགེ་ཚོགས་ཆར་རྒྱུན་ཀྱིས། །ཐུབ་བསྟན་ལི་ཁྲིའི་ཆུ་གཏེར་རབ་རྒྱས་སྟེ། །བློ་གསལ་ངང་མོ་བྱེ་བའི་ཚོགས་འདུས་ནས། །བཤད་སྒྲུབ་གར་གྱིས་རྩེ་དགའ་བགྱིད་གྱུར་ཅིག །ཅེས་སྒྲུབ་སྡེ་བསམ་གཏན་གླིང་གི་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི། དགེ་བཤེས་དཔལ་ལྡན་རྒྱ་མཚོ་དང༌། དགེ་བསྐུལ་མཐའ་ཡས་གཉིས་ནས་བསྐུལ་ངོ་མ་ཟློག་པར་ྋདབྱངས་ཅན་བཞད་པའི་རྡོ་རྗེས་ལྕག་སྦྲུལ་ཟླ ༡༠ ཚེས ༡༨ ལ་འཇམ་དཔལ་སྨྲ་སེང་གླིང་དུ་སྦྱར་བ་ཛ་ཡནྟུ། །པར་འདི་ཆོས་སྡེ་ཆེན་པོ་དཔལ་ལྡན་སྨྲ་བའི་སེང་གེའི་གླིང་དུ་བཞུགས།།

དཔྱད་མཆན་སྤེལ།